སྔར་བབས་སོར་གནས་ཀྱི་དུས་སྐབས།
| སྔར་བབས་སོར་གནས་ཀྱི་དུས་སྐབས་ཞེས་པ་ནི། བོད་རྗེ་གླང་དར་མ་འུ་དུམ་བཙན་པོས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཏེ་བོད་ཆོས་ལྡན་རྒྱལ་ཁམས་གཅིག་གྱུར་གྱི་ཕྲེང་ཐག་སིལ་བུར་འཐོར་བ་ནས་བརྩི་བ་ཡིན་ལ། དེ་ཡང་སྔར་བབས་སོར་གནས་ཞེས་པ་ལྟོས་བཅས་རང་བཞིན་གྱི་སྐད་ཆ་ཞིག་ཡིན་པ་དཔྱོད་ལྡན་ཚོས་མཁྱེན་དགོས་ཏེ། གུས་ནས་(དཔལ་ལྡན་རྒྱུད་བཞི)བྱུང་བའི་དུས་རབས་ལ་བལྟས་ཏེ་དུས་སྐབས་འདིར་སྔར་བབས་སོར་གནས་ཀྱི་དུས་སྐབས་ཞེས་འབོད་པ་ཡིན། ས་སྟེང་གི་བྱ་དངོས་ཡོད་ཚད་འཕེལ་འགྲིབ་དང་དར་རྒུད་ཀྱི་གོ་རིམ་ཁྲོད་ཡང་ཡང་གོམ་སྟབས་བསྒྱུར་བཞིན་ཡོད་ལ། དར་བའམ་རྒུད་པའི་གོ་རིམ་ནི་རྒྱུ་རྐྱེན་ངེས་ཅན་ལས་བྱུང་བ་ཤ་སྟག་ཡིན་ཞིང། བོད་ཀྱི་གསོ་བ་རིག་བར་མཚོན་ན་ཆོས་རྒྱལ་རིམ་བྱོན་གྱིས་སྲིད་དབང་གི་རྒྱབ་སྐྱོར་ཤུགས་ཆེན་གནང་པར་བརྟེན་ནས་ཡར་རྒྱས་གོང་འཕེལ་གྱི་དུས་སྐབས་དེ་ལྟ་བུ་ཞིག་ཏུ་སླེབས་ནའང༌། མཐར་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ཡོངས་སུ་ཉམས་ཏེ་བོད་ཁམས་སིལ་བུར་འཐོར་སོང་བས་གོང་འཕེས་གྱི་ལམ་དུ་བསྐྱོད་བཞིན་པའི་བོད་གསོ་རིག་གི་གོམ་སྟབས་དེ་སྔར་བབས་ཀྱི་རྣམ་པའི་སྟེང་སོར་གནས་སུ་བསྡད་པ་དང། རྒྱུ་མཚན་འདྲ་མིན་དུ་མའི་སྟེང་ནས་བལྟས་ཚེ་བོད་ཀྱི་གསོ་རིག་སྨན་བཅོས་ཉིད་དུས་རབས་བརྒྱད་པ་ལས་ལྡབ་འགྱུར་གྱིས་ཉབས་རྒུད་དུ་གྱུར་འདུག་ཅེས་བརྗོད་ཆོག་སྙམ། དཔེར་ན་ལོ་རྒྱུས་ཀྱི་འཁོར་འགྲོས་བདུན་དུ་བསྐྱོད་དེ་དུས་རབས་ཉེར་གཅིག་པར་སླེབས་ལ་ཉེ་བའི་དེང་གི་དུས་ནའང༌། (དཔལ་ལྡན་རྒྱུད་བཞི) ནང་བསྟན་པའི་རྨ་གོ་གཤགས་བཅོས་དང་ཐུར་དཔྱད་སོགས་ལག་ལེན་གང་མང་ཞིག་བེད་སྤྱོད་ཐུབ་ཀྱི་མེད་པ་མ་ཟད། རྒྱུད་ཀྱི་ཚིག་ངོས་ཀྱི་དོན་གནད་མང་པོ་ཞིག་ལ་མཚོན་ནའང་རྣལ་མའི་གོ་བ་ལེན་མི་ཐུབ་པ་མངོན་སུམ་འདི་བཞིན་ལགས། དུས་རབས་བཅུ་གཅིག་པའི་འགོར་ཉེ་དུས་སངས་རྒྱས་ཀྱི་བསྟན་པ་གཙོའི་རིག་གནས་མཐའ་དག་བསྐྱར་དར་གྱི་འགོ་ཚུགས་པ་དང། བོད་ཀྱི་གསོ་བ་རིག་པ་དེའང་ཆར་ཤུལ་གྱི་མྱུ་གུ་བཞིན་རིམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གོམ་ཁ་ཕྱོགས་ནའང། དུས་ཡུན་རིང་པོ་ཞིག་གི་ནང་བོད་ཀྱི་ཚེ་རིག་པ་ཚོས་ཞིབ་འཇུག་དང་དབྱེ་ཞིབ་ལ་བརྟེན་ནས་རྒྱུ་མཚན་དང་གནས་ལུགས་འཚོལ་རྒྱུར་དོ་སྣང་མ་བྱས་པར། སྲོལ་རྒྱུན་ཁོ་ན་དང་དཔེ་ངོས་ལྟར་འགྲེལ་བཤད་ཀྱི་ཆེད་དུ་འགྲེལ་བཤད་བརྩམས་ཤིང༌། རྒྱུན་ཚིག་བློ་འཛིན་ངག་སྐྱོར་བྱེད་རྒྱུ་སློབ་གསོའི་ཨང་དང་པོར་བཞག་པ་སོགས་ཀྱིས། བོད་ལུགས་གསོ་བ་རིག་པས་ཐེར་ཟུག་གི་ལམ་ཕྲན་ཞིག་སྙེགས་ནས་ཕྱིན་པ་ལས་འགྱུར་ལྡོག་དང་འཕེལ་རྒྱས་དེ་ཙམ་བྱུང་མ་ཐུབ་པ་དང། གསོ་རིག་སེམས་ཁམས་རིག་པའི་ཐད་ནས་བཤད་ན་དེ་བས་ཀྱང་འགྱུར་ལྡོག་བྱུང་མི་འདུག ང་ཚོས་གནད་ཀ་ཁ་ཤས་ཀྱི་སྟེང་ནས་བཤད་ན་དུས་སྐབས་འདིའི་ནང་འཕེལ་རྒྱས་མངོན་གསལ་དུ་ཕྱིན་པའང་མཆིས་ཏེ། གཡུ་ཐོག་གསར་མས་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་ (རྒྱུད་བཞི་) ཁ་སྐོང་འཐུས་ཚང་མཛད་ནས་ཡང་དག་གཏན་འབེབས་གནང་བ་དང༌། དར་མོ་སྨན་རམས་པས་རྒྱུད་ཀྱི་གཤག་ལས་རིག་པའི་ཐད་ལ་ཞིབ་བཤེར་གནང་ཆེད་ཕུང་པོ་མི་འདྲ་བ་ཁག་ལ་གཤག་ལས་མཛད་དེ་རྒྱུད་དོན་སྔར་བས་ཚད་ཐུབ་བཟོས་པ། མི་དབང་སངས་རྒྱས་རྒྱ་མཚོས་གསོ་རིག་དང་སྒྱུ་རྩལ་ཟུང་འབྲེལ་གྱི་རྣམ་པའི་སྟེང་ནས་འཛམ་གླིང་གསོ་རིག་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་ཆ་སྔོན་མེད་གསར་དུ་བཞེངས་པ། དེའུ་དམར་བས་སྨན་རྫས་རིག་པར་ཞིབ་འཇུག་དཔྱིས་ཕྱིན་པ་མཛད་ནས་བོད་ཀྱི་སྨན་རིག་ལོ་རྒྱུས་སྟེང་སུས་ཀྱང་འགྲན་དུ་མེད་པའི་བསྟན་བཅོས་ཚད་ལྡན་ (ཤེལ་གོང་ཤེལ་ཕྲེང་) ཞེས་པ་བརྩམས་ཏེ། ཀྲུང་དབྱིའི་སྨན་རྫས་མཁས་ཆེན་ལི་ཧྲི་ཀྲིན་གྱི་ (སྔོ་སྨན་རབ་གསལ་) ཞེས་པའི་སྐད་གྲགས་ཅན་དེའང་ཟིལ་གྱིས་གནོན་ནུས་པ་སོགས་ནི་དུས་སྐབས་འདི་ནང་བྱུང་བའི་སྙོན་དུ་མེད་པའི་མཛད་རྗེས་དག་རེད། ཡིན་ནའང༌། དེ་ནི་གནད་ཀ་ཁ་ཤས་ཀྱི་དབང་དུ་བྱས་པའི་འཕེལ་རྒྱས་ཏེ་སྤྱི་ཁོག་ཧྲིལ་པོའམ་ཁྱོན་ཡོངས་རང་བཞིན་གྱི་སྒོ་ནས་དུས་སྐབས་སྔ་མ་དང་བསྡུར་ན་སྔར་བབས་སོར་གནས་ཀྱི་རྣམ་པ་ལས་བརྒལ་ཐུབ་མེད་སྟབས། བོད་ཀྱི་གསོ་རིག་སློབ་གསོ་མཁས་དབང་རྣམ་པས་བོད་ལུགས་གསོ་རིག་གི་སློབ་གསོའི་ཕྱོགས་ལ་དུས་རབས་ཀྱི་ཐབས་ལམ་ཞིག་གིས་བསྒྱུར་བཅོས་ཤིག་བྱས་ན་ལེགས་པར་སེམས། གཞན་བོད་ཀྱི་གསོ་རིག་རྟག་བརྟན་ཐེར་ཟུག་དང་སྔོན་བྱོན་མེས་པོར་དད་པ་ཁོ་ན་མ་གཏོགས་བྱེད་མི་ཤེས་མཁན་རྣམས་ལ་སྔར་བབས་སོར་གནས་ཞེས་པ་དང་ས་བཅད་འདི་ནང་གི་སྐད་ཆ་ཁ་ཤས་ཀྱིས་ཕོག་ཐུག་གཏོང་སྲིད་ནའང༌། ཡང་སྙིང་བོད་གསོ་རིག་བྱུང་འཕེལ་གྱི་བརྒྱུད་རིམ་དང་བརྒྱུད་རིམ་དེའི་ཁྲོད་གནད་དོན་དེ་འདྲ་བྱུང་ཡོད་མེད་ཐད་ལ་ལྡན་མིན་དང་ལེགས་ཉེས་ཚད་མས་སྒྲུབ་པའི་མཐའ་དཔྱོད་མཁན་རྣམས་ཀྱིས་དཔྱད་པར་འཚལ་ཞིང༌། གལ་ཏེ་མ་རྟོགས་རྨོངས་པའི་འཁྲུལ་ཚིག་མཆིས་ན་གཟུར་གནས་དག་གིས་དགེ་བའི་སེམས་ཀྱིས་ཕན་པའི་བཀའ་བཀྱོན་གནོངས་དང། དད་པའི་སྙིམ་པ་སྤྱི་བོར་བཀོད་ནས་མཐོལ་ལོར་བཤགས་ངེས་ལགས། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་ཞེས་པའི་ནང་ནས་ས་འཛིན་དཀར་པོས་བཏུས། |